[site under construction]
Thank you for visiting

སྡིག་པ་ཅི་ཡང་མི་བྱ་ཞིང་།།དགེ་བ་ཕུན་སུམ་ཚོགས་སུམ་ཚོགས་པར་སྤྱད།།རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན།  །ཅེས་དང་།

སྤྱོད་འཇུག་ལས། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་བསལ་བར་ཤོག །ཅེས་གསུངས།

༡། རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་པའི་ལོ་རྒྱུས་སྙིང་བསྡུས་ནི།

ཚོགས་པ་འདི་ཕྱི་ལོ་༢༠༠༥ལོར་དབུ་འཛུགས་བྱུང་བ་དང་།ཚོགས་པའི་ངོ་བོ་དང་དམིགས་ཡུལ་ནི།ཆོས་ལུགས་དང་ཆོལ་ཁ་དབྱེ་འབྱེད་མེད་པའི་རིས་མེད་ཀྱི་ངོ་བོ་ཡིན།དམིགས་ཡུལ་གཙོ་བོ།འགྲོ་བ་མི་རྣམས་ལ་ཡ་རབས་སྤྱོད་བཟང་གི་དགོས་མཁོ་ཤིན་ཏུ་ཆེ་བས་དེ་ངོ་སྤྲོད་དང་།ཡང་འཛམ་གླིང་གི་ཤེས་ཡོན་དོན་གཉེར་ཅན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་།ཡང་ནང་པ་རྣམས་ལ་ནང་པའི་ཚན་རིག་དང་ལྟ་གྲུབ་དང་སྒོམ་ཉམས་ལེན་བཅས་ངོ་སྤྲོད་བྱེད་རྒྱུ་དེ་ཡིན།ཚོགས་པ་དེ་བཙུགས་ནས་ད་བར་ལོ་རེ་བཞིན་ཡར་རྒྱས་ཕྱིན་ཏེ་སེར་སྐྱ་མི་མང་ལ་ནང་ཆོས་ངོ་སྤྲོད་ཀྱི་སྒོ་ནས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བྱས་དང་བྱེད་བཞིན་པ་ཡིན། ཅུང་ཟད་རྒྱས་པར་རྩ་བའི་སྡེ་ཚན་བདུན་པ་ལས་ཤེས་པར་བྱའོ།།

༢། མི་མང་སྒོམ་སྒྲུབ་ཁང་གི་ལོ་རྒྱུས་སྙིང་བསྡུས་ནི།

 ངོས་ནས་སེར་སྐྱ་མི་མང་ལ་ནང་ཆོས་ངོ་སྤྲོད་བྱས་པ་ན།གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་།དེའི་ཐོག་མི་མང་རང་ནས་ཀྱང་ནང་ཆོས་སྒོམ་སྒྲུབ་བྱེད་འདུན་ཡོད་མཁན་མང་པོ་བྱུང་བའི་ཉེར་ལེན་དང་།བཙུན་མའི་ལས་འཆར་གྱི་འགན་འཛིན་ནས་ས་ཆ་རིན་མེད་ཐོག་སྔ་གཡར་གནང་བ་དང་།གཞན་ཡང་སྦྱིན་བདག་ཁག་ནས་མཐུན་རྐྱེན་གནང་བ་བཅས་ལ་བརྟེན།ངོས་ནས་ཕྱི་ལོ་༢༠༡༣ལོར་རྡ་སགྷ་གཙུག་ལག་ཁང་གི་ཉེ་འོག་གྷམ་བྷིར་གྣཇ་ཞེས་པ་དེར་མི་མང་སྒོམ་སྒྲུབ་ཁང་ཞེས་པ་ཞིག་གསར་འཛུགས་ཞུས།

སྒོམ་སྒྲུབ་ཁང་གི་ངོ་བོ་དང་དམིགས་ཡུལ་ནི། རྒྱལ་ཁབ་དང་ལུང་ཚན་སྐྱ་སེར་དབྱེ་བ་མེད་པ་དང་།ཐེག་པ་ཆེ་ཆུང་ས་དགེ་བཀའ་རྙིང་ཆོས་བརྒྱུད་རྗེས་འབྲངས་ཀྱི་ནང་པ་ཀུན་ལ་ཕན་ཐོགས་བྱེད་མཁན་གྱི་རིས་མེད་ཀྱི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཡིན། དམིགས་ཡུལ་ནི།རིན་མེད་ཐོག་ནང་ཆོས་ཀྱི་སྙིང་པོ་ངོ་སྤྲོད་དང་།ནང་པའི་སྒོམ་ཉམས་ལེན་གྱི་ངོ་སྤྲོད།སྒོམ་ཉམས་ལེན་གནང་རྒྱུའི་གོ་སྐབས་དང་མཚམས་ཁང་སོགས་ཀྱི་མཐུན་རྐྱེན་རིན་མེད་ཐོག་ཕུལ་ཏེ།ནང་པའི་ཆོས་ལ་ཤེས་མྱོང་གཉིས་ལྡན་གྱི་སྟོན་པའི་རྗེས་འཇུག་རྣལ་མ་ཞིག་ཏུ་གྱུར་ཏེ་འདི་ཕྱི་གཉིས་དང་།སྤྱི་སྒེར།རང་གཞན་ཀུན་ལ་ཕན་ཐོགས་ཡོང་ཐབས་བྱ་རྒྱུ་དེ་ཡིན།སྒོམ་སྒྲུབ་ཁང་དེ་བཙུགས་ནས་ལོ་གཅིག་མ་གཏོགས་མ་སོང་ཡང་ད་བར་སྒོམ་སྒྲུབ་གནང་མཁན་གྲངས་ལྔ་བཅུ་ལྷག་ཙམ་བྱུང་སྟེ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱུང་དང་འབྱུང་བཞིན་པ་ཡིན།ཅུང་ཟད་རྒྱས་པར་རྩ་བའི་སྡེ་ཚན་བདུན་པ་ལས་ཤེས་པར་བྱའོ།།

༣། བལ་ཡུལ་ནང་ཆོས་ངོ་སྤྲོད་ཚོགས་པའི་ངོ་སྤྲོད་སྙིང་བསྡུས་ནི།

ངོས་ལ་ཕྱི་ལོ་༢༠༠༨ལོར་བལ་ཡུལ་དབུས་དང་མཐའི་ས་གནས་མང་པོར་སེར་སྐྱ་མི་མང་ལ་ནང་ཆོས་ངོ་སྤྲོད་བྱ་རྒྱུའི་གོ་སྐབས་ཐོབ་སྟེ་དངོས་ཡོད་ཕན་ཐོགས་རླབས་ཆེན་བྱུང་སྟབས།བལ་ཡུལ་ནང་ཆོས་ངོ་སྤྲོད་ཚོགས་པ་ཞིག་འཛུགས་ཐུབ་ན་བསམས་ཏེ།ཕྱི་ལོ་༢༠༡༢ལོར་གསར་བཙུགས་བྱས།དེ་ནས་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་།དེའི་ཐོག་མི་མང་རང་ནས་ཀྱང་ནང་ཆོས་ངོ་སྤྲོད་དང་སྒོམ་སྒྲུབ་ལ་དོ་སྣང་ཆེན་པོ་གནང་སྟབས་སེམས་ཤུགས་འཕར་མ་བསྐྱེད་དེ།ཕྱི་ལོ་༢༠༡༤ལོར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་ར་མེཧ་ཀྲི་ཞེས་པའི་ས་གནས་སུ་ཚོགས་པའི་ས་ཁང་ཉོས་ཏེ་ཚོགས་པ་དེ་སྲ་བརྟན་དུ་གྱུར། ཚོགས་པའི་ངོ་བོ་དང་དམིགས་ཡུལ་ནི།གཙོ་བོ་ནང་ཆོས་ངོ་སྤྲོད་ཀྱི་སྒོ་ནས་སྤྱི་ཚོགས་ཞབས་ཞུ་བྱེད་མཁན་གྱི་ནང་པའི་ཚོགས་པ་ཡིན་པ་ལ།ཐེེག་པ་ཆེ་ཆུང་དང་།ས་དགེ་བཀའ་རྙིང་གི་དབྱེ་བ་མེད་པ།ནང་པའི་ཆོས་བརྒྱུད་རྗེས་འབྲངས་པ་དོན་གཉེར་ཅན་ཀུན་ལ་རིན་མེད་ཐོག་ཡིག་ངག་གཉིས་ཐོག་ནས་ནང་ཆོས་ངོ་སྤྲོད་དང་།སྒོམ་ཉམས་ལེན་སྐོར་གྱི་ངོ་སྤྲོད་སློབ་འཁྲིད་བྱེད་མཁན་གྱི་རིས་མེད་ཀྱི་ཚོགས་པ་ཞིག་ཡིན།ཚོགས་པའི་དམིགས་ཡུལ་དང་ལས་བྱེད་སོགས་ཅུང་ཟད་རྒྱས་པར་རྩ་བའི་སྡེ་ཚན་བདུན་པ་ལས་ཤེས་པར་བྱའོ།།